ཕྱི་རྒྱལ་ནས་མྱ་ངན་བྱེད་དུ་ཡོང་བར་སྣེ་ལེན་བྱ་རྒྱུ་ཡིན་ཟེར།

20 04 2010

ཕྱི་རྒྱལ་ནས་མྱ་ངན་བྱེད་དུ་ཡོང་བར་སྣེ་ལེན་བྱ་རྒྱུ་ཡིན་ཟེར།

དེ་རིང་ཕྱི་དྲོར་ཅ་ཆིན་ལེན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་བཤད་འདུག དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༣༣ སྟེང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཐེངས་འདིར་ཆེད་གཉེས་བྱས་པའི་ ༧་༡ ས་འགུལ་ཞེས་པའི་ཆེད་གཉེར་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་འཛིན་ཅ་ཆིན་ལིན་གྱིས་ཚེས་ ༡༩ ཉིན་མགོ་འཛིན་མཛད་དེ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་གྲོས་ཚོགས་བསྡུས་ནས། ཚེས་བཅུ་བདུན་ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཕྱོགས་སོ་སོའི་ནུས་པ་བཟང་པོར་བཏོན་ནས་མཚོ་སྔོན་ཡུལ་ཤུལ་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་དང་མཐུན་སྒྲིལ་བརྟན་འཇགས་བྱ་བར་བཀོད་སྒྲིག་བྱས་སྐོར་བཀོད་འདུག གསར་འགྱུར་དེའི་ནང་མུ་མཐུད་དེ་བཀོད་དོན། ཅ་ཆིན་ལིན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཁྲོད་ཀྱི་ནུས་པ་སྔར་ལས་བཟང་པོར་འདོན་དགོས་ལ། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས། ཆོས་ལུགས་སྡེ་ཁག་བཅས་གནོད་འཚེ་ཐེབས་སའི་རིགས་སོ་སོའི་མང་ཚོགས་དང་དགོན་སྡེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱི་ཁྲོད་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་ཤིང་། འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱེད་པ་དང་། མང་ཚོགས་དང་དགོན་པ། གྲྭ་བཙུན་དང་ཇོ་མོ་བཅས་རྩ་འཛུགས་བྱས་ཏེ་རྒུད་སྐྱོབ་དང་རང་སྐྱོབ་བྱེད་དགོས་པར་མ་ཟད། གཞན་ལ་རོགས་རམ་བྱེད་དགོས་པ་དང་། ས་ཆ་སོ་སོའི་དགོན་པ་དང་། གྲྭ་བཙུན། ཇོ་མོ་བཅས་ཀྱིས་འདས་པོ་རྣམས་ལ་སྨོན་ལམ་གསུང་བའི་བྱ་འགུལ་སྤེལ་པར་ཁྲིད་སྟོན་བྱེད་དགོས་ཞེས་གསལ་ཡོད། ལྷག་པར་དུ་ཐེངས་འདིར་ཅ་ཆིན་ལེན་གྱིས་བཤད་རྒྱུར། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་ཤིང་། གནོད་སེལ་རྒུད་སྐྱོབ་དང་རྒྱལ་ནང་གི་གནས་ཚུལ་ངོ་མ་མཚམས་སྦྱོར་བྱེད་དགོས་ལ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞེས་གསལ་འདུག ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཁོང་ཐེངས་འདིའི་ས་ཡོམ་བྱུང་སར་ངོ་བསྐྱོད་གནང་སྟེ། མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ་ཞེས་གསུངས་ཡོད། ཁོང་གིས་ད་དུང་། ཐེངས་འདིར་དམིགས་བསལ་བོད་རིགས་ཀྱི་ས་ཁུལ་དང་ལྷག་པར་ཞིང་གཤེགས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ངེད་གཉིས་སྐྱེས་སའི་ཕ་ཡུལ་ཡིན་སྟབས། ས་གནས་ས་ཐོག་གི་རེ་བ་ལྟར་འགྲོ་ཐུབ་ན་བསམ་པའི་རེ་བ་ཡོད་པ་དང་། མི་མང་གི་རེ་འདོད་ལྟར་འགྲོ་ཐུབ་པ་ཡིན་ན། གཞན་སྒྲུབ་མི་ཐུབ་ཀྱང་མི་མང་པོ་ཞིག་གི་སེམས་སུ་སྤོབས་པ་སྐྱེད་པ་དང་སེམས་ཀྱི་སྡུག་བསྔལ་ཆུང་དུ་ཡོང་ཐུབ་པ་ཞིག་བྱ་ཐུབ་ཀྱི་རེད་བསམ་ལ། ང་རང་གིས་ཀྱང་རེ་བ་རྒྱག་གིན་ཡོད། ཅེས་གསུངས་ཡོད། དེ་བཞིན་དེ་རིང་ཕྱི་དྲོར་ཅ་ཆིན་ལེན་གྱིས་བཤད་པའི་སྐད་ཆ་འདིས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་སུ་འདྲ་ཞིག་ཡིན་རུང་། དབྱེ་བཀར་མེད་པར་ཐེངས་འདིར་ས་ཡོམ་གྱིས་གནོད་སྐྱོན་ཐེབས་པའི་ས་ཁུལ་དུ་ཡོང་ཆོག་པ་བསྟན་ཡོད་མོད། ཞིབ་ཕྲའི་གནས་ཚུལ་གང་ཡང་གསེད་དཀྲོལ་བྱས་མི་འདུག


Actions

Information

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Connecting to %s




Follow

Get every new post delivered to your Inbox.